འབྲུག་གི་ནོར་བུ་ ཆོས་རྒྱལ་བཞི་པ་མཆོག་ལ་གང་བློའི་བསྟོད་བསྔགས་འུར་སྒྲ་བཞུགས་སོ།།

འབྲུག་གི་ནོར་བུ་ ཆོས་རྒྱལ་བཞི་པ་མཆོག་ལ་གང་བློའི་བསྟོད་བསྔགས་འུར་སྒྲ་བཞུགས་སོ།།

༉ ཆོས་སྲིད་ལུགས་གཉིས་ལྡན་པའི་སྐྱེད་ཚལ་ནང་།། ཞི་བདེའི་དཔལ་འབྱོར་མེ་ཏོག་བཞད་པའི་དབུས།། ལུང་བསྟན་ཅན་གྱི་ཆོས་རྒྱལ་བཞི་པ་མཆོག། འཁྲུངས་ནས་མངའ་འབངས་བུང་བ་ཉམས་རེ་དགའ།།
ཆོས་རྒྱལ་བཞི་པ་སྐུ་དངོས་མ་མཇལ་ནའང་།། མཛད་འཕྲིན་ས་སྟེང་འདི་རུ་མཐའ་དབུས་ཁྱབ། གང་གི་མཚན་བཟང་རྣ་ལམ་ཐོས་ཙམ་གྱིས།། དད་པའི་མིག་གིས་མཆི་མ་ཡང་ཡང་འཁྲུགས།།
སྨན་ལྗོངས་འབྲུག་ཡུལ་སྐྱིད་པས་དགའ་སྐྱིད་གླིང་།། ཐུབ་པའི་བསྟན་པ་རྒྱས་པས་བདེ་ཆེན་ཞིང་།། ཕུན་ཚོགས་སྡེ་བཞི་འཛོམས་པས་ལྷོ་ལྗོངས་ཡུལ།། རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཡོད་དེ་དགའ།།
ཆོས་རྒྱལ་འཇིགས་མེད་སེང་གེ་དབང་ཕྱུག་གིས།། ལྗོངས་འདིར་མཐའ་དབུས་མེད་པ་ཞབས་བཅགས་ཏེ།། དབུལ་ཞིང་ཕོངས་པའི་འབངས་འཁོར་མི་སེར་ལགས།། སྐྱིད་སྡུག་རོ་བསྙོམས་གནང་ཚེ་སྤྱན་རས་གཟིགས།།
ལྗོངས་འདིར་ཅི་དགོས་སྟེར་བའི་ནོར་བུ་མེད།། བང་མཛོད་རི་རབ་བརྩེགས་པའི་ནོར་ཀྱང་དབེན།། འོན་ཀྱང་འཇིགས་མེད་སེང་གེ་མཚན་ཅན་མཆོག། སྦྱིན་པ་ལོངས་སྤྱོད་རོལ་ཚེ་རྒྱལ་པོའི་རྒྱལ།།

སྐུ་ཚེ་བསྐལ་བརྒྱར་བརྟན་ཤོག་ངེའི་རྒྱལ་པོ།།

TASHI DELEK

Leave a Reply

Your email address will not be published. Required fields are marked *